དྲིན་ལན།
སྔོན་བསགས་བསོད་ནམས་དབང་དང་།།
སྨོན་ལམ་བཟང་པོའི་ཐུགས་བསྐྱེད།།
སྐལ་ལྡན་གངས་ཕྲུག་ང་རང་།།
ཆོས་ལྡན་བོད་ལུས་བླངས་སོང་།།
མི་ཡུལ་རིན་ཆེན་དང་པོ།།
བྱམས་ལྡན་དྲིན་ཆེན་ཕ་མ།།
གསེར་གྱི་ཉི་མ་སེར་པོ།།
དགོས་འདོད་ཀུན་གྱི་རྩ་བ།།
ང་རང་དེ་རིང་ཡོད་ཚད།།
དྲིན་ཆེན་ཁྱེད་ཀྱི་དྲིན་ཡིན།།
ཨོ ང་ཡི་དྲིན་ཆེན་ཕ་མ།།
ཨོ དད་གླུ་སྙིང་ནས་ཕུལ་ཡོད།།
མི་ཡུལ་རིན་ཆེན་གཉིས་པ།།
ལྷག་བསམ་དགེ་རྒན་དམ་པ།།
དངུལ་གྱི་ཟླ་བ་དཀར་པོ།།
ཡོན་ཏན་ཀུན་གྱི་རྩ་བ།།
སྨྲ་བའི་ངག་སྒོ་ཕྱེ་མཁན།།
མིག་གི་ལམ་སྟོན་སྒྲོན་མེ།།
ཕ་མ་གསེར་གྱི་ཉི་མ།།
སྲོག་སྦྱིན་ལེགས་ལམ་གསོ་སྐྱོང་།།
དགེ་རྒན་དངུལ་གྱི་ཟླ་བ།།
ཤེས་སྤྱོད་བཟང་གསུམ་གནང་བྱུང་།།
ང་རང་དེ་རིང་ཡོད་ཚད།།
དྲིན་ཆེན་ཁྱེད་ཀྱི་དྲིན་ཡིན།།
ཨོ ང་ཡི་དགེ་རྒན་དམ་པ།།
ཨོ དད་གླུ་སྙིང་ནས་ཕུལ་ཡོད།།
ཨོ ཉི་ཟླ་དྲིན་ཤེས་ཆེ་བ།།
སེམས་པ་སེམས་ཀྱིས་ཤེས་ཡོད།།
ང་ཡི་དྲིན་ལན་ཚུལ་དུ།།
དད་གླུ་སྙིང་ནས་ཕུལ་ཡོད།།